觉仓吧 关注:3贴子:6
  • 0回复贴,共1
ཨ་ཙི་གཞན་ཚོ་ཚིག་པ་ཟ་ལས་ཆེ།
དགེ་འདུན་ཆོས་འཕེལ།
ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིན་དང་།།
ཁ་བ་ཅན་གྱི་རྒྱལ་ཁམས་ལྷ་ས་སོགས།།
གང་ས་གང་དུ་ཡོད་པའི་མི་འདི་རྣམས།།
ང་ཡིས་བལྟས་ན་རང་བཞིན་གཅིག་པར་མཐོང་།
ཅ་ཅོ་འུར་ཟིང་ཕྱོགས་ལ་མི་དགའ་ཞིང་།།
ཆ་ལུགས་ཞི་དུལ་གནང་བ་ཁོང་ཚོ་ཡང་།།
ཇ་མར་གོས་དང་པེ་ཤག་མཐོང་པའི་ཚེ།།
ཉ་པ་རྒན་པོའི་སེམས་དང་ཁྱད་མི་འདུག།
ཏ་རིན་སྐུ་དྲག་ངོ་བསྟོད་གཏམ་ལ་དགའ།།
ཐ་མལ་མི་རྣམས་གཡོ་དང་སྒྱུ་ལ་དགའ།།
ན་ཆུང་རྣམས་ནི་འཇོ་སྒེག་ཉམས་ལ་དགའ།།
པ་ཕ་ཨ་མའི་ཕྱོགས་ལ་ཞེན་པ་དང་།།
ཕ་རོལ་རིགས་མི་མཐུན་ལ་སྡང་བ་སོགས།།
བ་ལང་དང་ནི་རང་རེའི་མི་རྣམས་ཀྱི།།
མ་བཅོས་སེམས་ཀྱི་རྒྱུ་དག་གཅིག་པར་མཐོང་།།
ཙ་རིའི་གནས་སྐོར་བྱེད་པ་ལྟོ་ཡི་དོན།།
ཚ་གྲང་དཀའ་ཐུབ་བྱེད་པ་མིང་གི་དོན།།
ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།།
ཝ་ལེར་བསམ་ན་ཐམས་ཅད་ནོར་གྱི་དོན།།
ཞྭ་མོ་ཆོས་གོས་བ་དམ་བླ་བྲེ་དང་།།
ཟ་རྒྱུ་འཐུང་རྒྱུའི་མཆོད་པ་ཚོགས་འཁོར་སོགས།།
འ་ཅག་རྣམས་ཀྱིས་ཅི་དང་ཅི་བྱས་པ།།
ཡ་མཚན་ལྟད་མོ་ཙམ་ལས་གཞན་མ་མཐོང་།།
ར་ཁང་ཁྱི་ཁང་ནང་དུ་སླེབས་པ་བཞིན།།
ལ་ལུང་གང་ན་བདེ་སྐྱིད་མི་འདུག་ཀྱང་།།
ཤ་ཁྲག་སྒྱུ་མའི་ལུས་འདི་འཇིག་པའི་བར།།
ས་སྟེང་འདི་ན་མི་སྡོད་ག་མེད་ལགས།།
ཧ་ཅང་དྲང་པོར་བཤད་པ་འདི་འདྲ་སྟེ།།
ཨ་ཙི་གཞན་ཚོ་ཚི་པ་ཟ་ལས་ཆེ།།


来自手机贴吧1楼2015-12-16 21:15回复